Friday, 24 April 2015

༼མི་དབང་འབྲུག་རྒྱལ་བཞི་པ༌དཔལ༌འཇིགས༌མེད༌སེངྒ༌དབང༌ཕྱུག༌མཆོག་གིས་མཛད་རྣམ་གྱི་་སྐོར༽

༉ འབྲུག་རྒྱལ་ཁབ་འདི་དུས་རབས་བརྒྱད་པའི་ནང་སངྱས་གཉིས་པ་ཨྱོན་གུ་རུ་རིན་པོ་ཆེ་གིས་ཞབས་ཀྱི་བཅགས་གནང་སྟེ་སྦད་གནས་ཁྱད་པར་ཅན་ལུ་བྱིན་གྱི་རླབས་གནངམ་མ་ཚད་གསང་སྔགས་གཟབ་མོའི་ཆོས་ཀྱི་འཁོར་ལོ་བསྐོར་གནང་ནུག། འདི་གིས་ཤུལ་ལས་དུས་རབས་བཅུ་བདུན་པའི་ནང་འབད་བ་ཅིན་ང་བཅས་རའི་དྲིན་ཅན་གྱི་རྩ་བའི་བླ་མ་ཆོས་རྒྱལ་ཞབས་དྲུང་ངག་དབང་རྣམས་རྒྱལ་གྱི་རྒྱལ་ཁབ་ནང་བྱོན་ཞིན་ན་ཕྱི་ནང་གི་དགྲའི་ཕྱོགས་ལས་རྣམས་པར་རྒྱལ་བའི་རྟགས་མཚན་ལུ་ས་གནས་ཁག་ལས་ཕར་རྫོང་གཞི་ཁག་མ་འདྲཝ་ལེ་ཤ་བཞེངས་གནང་ཡོད་མི་ཚུ་དུས་ད་རེས་ཡང་ཡ་མཚན་ཆེ་ཏོག་ཏོག་འབད་མཇལ་སྲོལ་ཡོདཔ་ཨིན།དེ་མ་ཚད་རྒྱལ་ཁབ་ནང་ག་ནི་ལས་ཁག་ཆེ་བའི་ཆོས་སྲིད་གཉིས་ལྡན་གྱི་གཞུང་གཞི་བཙུགས་མཛད་གནང་ཡོདཔ་ད་རྒྱལ་ཁབ་གཅིག་གྱུར་གྱི་ཕྱག་ལཱ་ཡང་ལེ་ཤ་ར་མཛད་གནང་ནུག།
དེ་ལས་སྤྱི་ལོ་༡༩༠༧་ལུ་བརྒྱུད་འཛིན་གྱི་རྒྱལཔོ་དང་པ་གོང་ས་ཨྱོན་དབང་ཕྱུག་མཆོག་གསེར་ཁྲི་གུ་འཕེབས་ཞིནམ་ལས་ཚུར་རྒྱལ་ཁབ་འདི་རྒྱལ་བརྒྱུད་ཀྱི་རིང་ལུགས་དབུ་བརྙེས་མི་དང་འབྲེལ་རྒྱལ་ཁབ་ཀྱི་ཞི་བདེ་དང་རང་དབང་ལུ་བརྩོན་པ་གིས་མ་ཚད་རྒྱལ་ཁབ་ཀྱི་ཡར་རྒྱས་གོང་འཕེལ་གྱི་ཕྱག་ལཱ་མཛད་ནིའི་འགོ་བཙུགས་གནང་ནུག།འདི་ལས་ཚུར་བརྒྱུད་འཛིན་གྱི་རྒྱལཔོ་རིམ་པ་འབད་བྱོན་ཡོད་པའི་ནང་གསེས་

ལས་གཏེར་སྟོན་པདྨ་གླིང་པའིིབརྒྱུད་པ་བྱང་ཆུབ་སེམས་དཔའི་རྣམ་སྤྲུལ་ལུང་བསྟན་ཅན་གྱི་རྒྱལ་པོ་དཔལ་ལྡན་འབྲུག་པའི་ལྷ་སྤྲུལ་འབྲུག་མི་ཡོངས་ཀྱི་སྐྱབས་དགོན་ལྷ་སྲས་ཡིད་བཞིན་ནོར་བུ་ང་བཅས་ར་དྲིན་ཅན་གྱི་ཕམ་གཞན་དང་མ་འདྲ་བའི་མ་འོངས་མངོན་གཟིགས་ཅན་གྱི་དབུ་ཁྲིད་དཔལ་མི་དབང་འབྲུག་རྒྱལ་བཞི་པ་འཇིགས་མེད་སེངྒ་དབང་ཕྱུག་མཆོག་ཐ་ན་སྐུ་སྲོག་ལུ་ཡང་ཕངས་པ་མེད་པ་རྒྱལ་ཁབ་དང་མི་སེར་གྱི་མཐའ་དོན་ལུ༌ ཐུགས་མཁྱེན་རྒྱ་ཆེ་བའི་གོ་ལས་གཟིགས་ཏེ་ལོ་ངོ་34འི་རིང་ལུ་ཕྱག་ལཱ་མཛད་གནང་ཡི་ཟེར་ཞུ་ནི་ཨིན།དུས་ཅི་འབདཝ་ད་མི་དབང་མཆོག་དགུང་ལོ་༦༠་བཞེས་མི་དང་འབྲེལ་མི་དབང་མཆོག་གི་སྐུ་ཚེ་དབང་ཐང་དར་ཞིང་གོང་ནས་གོང་དུ་འཕེལ་ནི་དང་བསྐལ་བརྒྱའི་བར་དུ་འབངས་དང་འབྲེལ་མི༌འདི༌ལུ༌ དམན་པ་ང་རའི་ཁ་ཐུག་ལས་ལྷག་བསམ་རྣམ་དག་གི་བཀྲིས་ཁ་དར་མི་དབང་མཆོག་གིས་ཐུགས་མཁྱེན་རྒྱ་ཆེ་བའི་འགོ་ལས་མཛད་མི་མཛད་རྣམ་རྗེས་འདྲེན་གྱི་ཐོག་ལས་འབད་ཕུལ་ནི་ཨིན།
ཆོས་རྒྱལ་བྱང་ཆུབ་སེམས་དཔའ་མིའི་གཟུགས་སུ་བྱོན་པའི་མི་དབང་འབྲུག་རྒྱལ་བཞི་པ་མཆོག་གིས་ཕྱི་ནང་གསང་གསུམ་གྱི་མཛད་པ་མང་རབས་ཅིག་ཡོད་པའི་ནང་ལས་དང་པར་དུ་དུས་ནམ་ཡང་རྫོགས་ནི་མེད་པའི་ནོར་བུ་བཟུམ་ཕྱིའི་དཔལ་འབྱོར་གོང་འཕེལ་གྱི་འགྱུར་བ་དང་ནང་གི་བསམ་པ་སེམས་བསྐྱེད་གཉིས་དབྱེ་བ་མེདཔ་འབད་གོང་འཕེལ་གཏང་ཐབས་ལུ་རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་དང་འབྲེལ་བའི་སྲིད་བྱུས་བརྩམས་གནང་ནུག།མི་སྡེའི་དཔལ་འབྱོར་གྱི་ཐད་དུ་འབད་བ་ཅིན་ཧེ་མ་སྤྱི་ལོ་༡༩༧༢་ལུ་གསོ་བའི་གཞི་རྟེན་སྨན་ཁང་༤༠་ཡོད་མི་འདི་སྤྱི་ལོ་༢༠༠༦་ལུ་༧༡༥་ལུ་ཡར་སེང་མཛད་གནང་ནུག།འདི་ལས་བརྟེན་ཉེན་སྲུང་དང་ལྡན་པའི་འཐུང་ཆུ་གཙང་སྦྲ་འཕྲོད་བསྟེན་ཨམ་སྲུ་ལུ་ཨ་ལུའི་སྐྱེས་ནད་ཨ་ལུའི་ནད་རིགས་ཚུ་རྩ་མེད་གཏང་ནིའི་དམིགས་ཡུལ་ཚུ་བསྒྲུབས་གནང་ནུག།
སྤྱི་ལོ་༢༠༠༤་ཟླཝ་༡་པའི་ཚེས་༢༩་ལུ་རྒྱལ་ཡོངས་ཨམ་སྲུ་དང་ཨ་ལོའི་ལྷན་ཚོགས་གཞི་བཙུགས་མཛད་གནང་ནུག།འདི་ལས་བརྟེན་ཨམ་སྲུ་དང་ཨ་ལོ་ལུ་དབང་ཚད་ལོག་སྤྱོད་དང་འབྲེལ་བའི་གནད་དོན་ཚུ་སྲུང་སྐྱོབ་འབད་དེ་ ཁོང་རའི་དབང་ཆ་ཡར་རྒྱས་གཏང་ནི་ལུ་ཕན་ཐོག་སྦོམ་བྱུང་སྟེ་ཡོདཔ་ཨིན།འཛམ་གླིང་རྒྱལ་ཁབ་ནང་ལུ་ག་ནི་ལས་ཁག་ཆེཝ་འདི་ཤེས་རིག་ཡོན་ཏན་འདི་ཨིན།དེ་འབདཝ་ལས་མི་དབང་མཆོག་གིས་མ་འོངས་ན་གཞོན་ཚུ་ལྕོགས་གྲུབ་ཅན་བཟོ་ཐབ་ལུ་སྤྱི་ལོ་༡༩༧༢་ལུ་ཤེས་རིག་གི་སློབ་གྲྭ་བསྡོམས་༩༨་དང་སློབ་ཕྲུག་༡༡༦༡༠་ཡོད་མི་ལས་སྤྱི་ལོ་༢༠༠༦་ལུ་སློབ་གྲྭ་བསྡོམས་༡༧༡༥༠༠་ཚུན་ལུ་ཡར་སེང་མཛད་གནང་ནུག།དེ་ཡང་གཞི་རིམ་ཤེས་ཡོན་ལས་འགོ་བཙུགས་ཏེ་མཐོ་རིམ་ཤེས་ཚད་ཚུན་ཕྱི་ནང་གཉིས་ཀྱི་ཡོན་ཏན་རིན་མེདཔ་འབད་གནང་ཡོདཔ་ཨིན།དེ་མ་ཚད་འབྲི་ལྷག་ཤེས་ཡོན་གྱི་ཡོན་ཏན་མ་ཐོབ་མི་རྒན་རྒས་དང་གཞོནམ་ཚུ་གིས་དོན་ལས་སྤྱི་ལོ་༡༩༩༢་ལུ་གཞི་རྟེན་ཤིས་ཡོན་གྱི་ལས་རིམ་ཡངའགོ་བཙུགས་གནང་ནུག།
རྒྱལ་ཁབ་ནང་མི་སེར་བརྒྱ་ཆ་༧༠་ལྷག་ཙམ ་ས་གཞི་ས་ནམ་ལུ་བརྟེན་དགོཔ་ལས་མི་དབང་མཆོག་གིས་རྒྱལ་ཁབ་མཐའ་དབུས་མེད་པ་ཞབས་ཀྱི་བསྐོར་མི་སེར་ས་ཆ་མེད་མི་ཚུ་ལུ་སའི་སྐྱིད་སྡུག་གནང་།སྡོད་སའི་ཁྱིམ་མེད་མི་ལུ་ཁྱིམ་གྱི་སྐྱིད་སྡུག་ བཟའ་འཐུང་དཀའ་ངལ་ཡོད་མི་ལུ་ཆུམ་ དེ་ལས་བགོ་ལ་གྱོན་ནི་མེད་མི་ལུ་བགོ་དང་དཀྱི་ར་ཚུ་གནང་སྟེ་མི་སེར་གྱི་སྐྱིད་སྡུག་རྣམས་སྤྱན་གྱིས་གཟིགས་ཏེ་བདེ་བ་བསྐྱེད་མི་འདི་བྱང་ཆུབ་སེམས་དཔའི་སྤྱོད་པ་ངོ་མ་ཨིན་པས།
དེ་གིས་ཡང་མི་ཚད་པར་ མི་དབང་མཆོག་གིས་ཆུ་ལས་བརྟེན་པའི་འོང་འབབ་བཟོ་ནི་དོན་ལས་རྒྱལ་ཁབ་ནང་གློག་མེའི་འཕྲུལ་ཁང་གློག་ཤུག་མེ་ག་ཝཏ་༡༧༧༦་དེ་ཅིག་ཐོན་ཚུགས་བཟོ་གནང་ཡོདཔ་མ་ཚད་ཚོང་དང་བཟོ་གྲྭའི་ཚོགས་སྡེ་གཞི་བཙུགས་གནང་སྟེ་མ་འོངས་བཟོ་གྲྭ་ཡར་འཕེལ་གཏང་ནིའི་སྲིད་བྱུས་ལམ་ལུགས་ཚུ་ཡང་བརྩམས་གནང་ཡོདཔ་ཨིན།
མི་དབང་མཆོག་གིས་རང་བཞིན་མཐའ་འཁོར་གནས་སྟངས་ཀྱི་སྲིད་བྱུས་ཡང་སྒྲིང་སྒྲིང་བཟོ་གནང་ནུག།འདི་ཡང་དུས་ནམ་རང་འབད་རུང་རྒྱལ་ཁབ་ནང་ནགས་ཚལ་གྱི་བརྒྱ་ཆ་༦༠་བཞག་དགོཔ་འབད་འབྲུག་གི་རྩ་ཁྲིམས་ཆེན་མོ་ནང་ལུ་འཁོད་གནང་ནུག།འདི་མ་ཚད་འབྲུག་མི་ཡོངས་འབྱུང་བ་བཞི་ལས་བརྟེན་རྐྱེན་འབྱུང་མི་ཚུ་ལུ་མ་དངུལ་ཐོག་ལུ་རྒྱབ་སྐྱོར་མཛད་ནིའི་དོན་ལུ་རྐྱེན་ངན་འཛིན་སྐྱོང་ལས་ཁུངས་གཞི་བཙུགས་མཛད་གནང་ནུག།
ཆོས་དང་ལམ་སྲོལ་གྱི་ཐད་དུ་འབད་རུང་མི་དབང་མཆོག་གིས་རྒྱལ་ཁབ་ཀྱི་ངོ་རྟགས་ཚུ་ལུ་བརྩོན་ཤུགས་བསྐྱེད་དགོཔ་འབད་ཆ་འཇོག་འབད་ཡོདཔ་མ་ཚད་༡༩༨༤་ལུ་གྲྭ་ཚང་ལྷན་ཚོགས་གཞི་བཙུགས་མཛད་གནང་མི་ལས་བརྟེན་དུས་ད་རེས་ཡང་འབྲུག་རྒྱལ་ཁབ་འདི་ལམ་སྲོལ་གྱི་ཕྱུག་པོའི་རྒྱལ་ཁབ་ཅིག་འབད་ཆ་བཞག་ཚུགས་མི་འདི་གཙོ་བོར་མི་དབང་མཆོག་གི་སྐུ་དང་དྲི་མ་ལས་བརྟེན་ཨིན།དེ་མ་ཚད་རྫོང་ཁ་གོང་འཕེལ་ལྷན་ཚོགས་གཞི་བཙུགས་མཛད་དེ་ལམ་སྲོལ་ལས་བརྟེན་པའི་འོང་འབབ་བཟོ་ཐབས་ལུ་དམིགས་ཏེ་རྒྱལ་ཁབ་ནང་བལྟ་བཤལ་གྱི་ལས་རིམ་ཡང་མི་དབང་མཆོག་གིས་གཞི་བཙུགས་མཛད་གནང་ནུག།
མི་དབང་མཆོག་གིས་ལྷན་སྡེ་གསུམ་གྱི་གཞུང་སྐྱོང་ལེགས་ལྡན་ལུ་ཡང་བརྩོན་ཤུགས་སྦོམ་འབད་རང་བསྐྱེད་གནང་ནུག།དེ་ཡང་དབང་ཚད་ཕྱིར་སྤེལ་མཛད་མི་དང་འབྲེལ་སྤྱི་ལོ་༡༩༨༡ལུ་རྫོང་ཁག་ཡར་རྒྱས་ཚོགས་འདུ་དང་༡༩༩༡་ལུ་རྒེད་འོག་ཡར་རྒྱས་ཚོགས་འདུ་གཞི་བཙུགས་མཛད་གནང་ཡོདཔ་ད་དཔལ་འབྱོར་གོང་འཕེལ་གྱི་ལས་རིམ་བརྩམ་ནིའི་དབང་ཚད་ཚུ་ག་ར་མི་སེར་ལུ་གནང་ནུག།དེ་ལས་སྤྱི་ལོ་༡༩༩༨་ལས་གསང་བའི་ཚོགས་རྒྱན་བཙུགས་ཐོག་ལས་ལྷན་རྒྱས་གཞུང་ཚོགས་ཀྱི་བློན་པོ་ཚུ་བཙག་འཐུ་འབད་ནི་འགོ་བཙུགས་གནང་ནུག།འདི་ལས་ཚུར་སྤྱི་ལོ་༡༩༨༢་ལུ་རྒྱལ་ཡོངས་གཞི་གཡོག་ལྷན་ཚོགས་དང་རྒྱལ་གཞུང་རྩིས་ཞིབ་དབང་འཛིན་དེ་ལས་སྤྱི་ལོ་༢༠༠༦་ལུ་རྩོད་དཔོན་ཡོངས་ཁྱབ་ཀྱི་ཡིག་ཚང་ཡང་གཞི་བཙུགས་མཛད་གནང་ནུག།དེ་ཚུ་གཞི་བཙུགས་མཛད་པ་ལས་བརྟེན་རྒྱལ་ཁབ་ནང་ཞི་གཡོགཔོ་མཁས་དྲག་གདམ་ཐུག་འབད་ནི་དངུལ་རྩིས་རང་དོན་སྤྱོད་ནི་ལས་བཀག་ཆ་འབད་ཚུགསཔ་བཟོ་གནང་ནུག།
མི་དབང་མཆོག་གིས་རྒྱ་འབྲུག་གི་མཐུན་འབྲེལ༌འདི་ཡང་སྔར་བ་ལྷགཔ་འབད་སྒྲིང་སྒྲིང་བཟོ་གནང་ཡོདཔ་མ་ཚད་རྒྱལ་སྤྱིའི་ཚོགས་སྡེ་
མང་རབས་ཅིག་ནང་འཐུས་མི་འབད་འཛུལ་བཞུགས་འབད་གནང་ནུག།དེ་གིས་མ་མདོ་བར་ཕྱི་འབྲེལ་དོན་གཅོད་ཡིག་ཚང་ཡང་རྒྱལ་ཁབ་མང་རབས་ཅིག་ནང་གཞི་བཙུགས་མཛད་དེ་ང་བཅས་རའི་རྒྱལ་ཁབ་འདི་མིང་གཏམ་ཅན་ཅིག་འབད་བཟོ་གནང་ནུག།
སྤྱི་ལོ་༢༠༠༨འབདཝ་ད་མི་དབང་མཆོག་གིས་ཐུགས་ཀྱི་དགོངས་བཞེས་བལྟར་དུ་རྒྱལ་ཁབ་འདི་རྒྱལ་བརྒྱུད་ཀྱི་རིང་ལུགས་ལས་དམངས་གཙོའི་རྩ་ཁྲིམས་ཅན་གྱི་རྒྱལ་པོའི་གཞུང་སྦེ་གཞི་བཙུགས་མཛད་གནང་ནུག།དེ་ཡང་
གཞན་ཕན་ཐུགས་མངའ་བྱང་སེམས་ཐབས་མཆོག་གིས།།རང་དབང་རྒྱལ་སྲིད་དཔལ་ཡང་བློས་བཏང་ནས།།
དམངས་གཙོའི་རང་དབང་ཕྱིར་སྤེལ་མཛད་པ་ཡི།།བརྒྱུད་འཛིན་རྒྱལ་རབས་བཞི་པའི་བཀྲིན་མཐོ།།
ཟེར་རྩ་ཁྲིམས་ཆེན་མོའི་མཆོད་པར་བརྗོད་པ་ལས་འཐོན་དོ་བཟུམ་དཔལ་འབྲུག་རྒྱལ་བཞི་པ་མཆོག་བྱང་ཆུབ་སེམས་པའི་རྣམས་སྤྲུལ་ངོ་མ་ཨིནམ་མ་ཚད་མ་འོངས་བུ་བརྒྱུད་ཚུ་གིས་མཐའ་དོན་ལུ་ཐུགས་མཁྱེན་རབ་བརྒྱ་ཆེ་ས་ལས་གཟིགས་ཏེ་རྒྱལ་ཁབ་འདི་དམངས་གཙོའི་གཞུང་སྦེ་མི་སེར་ཡོངས་ལུ་ཕྱིར་སྤེལ་མཛད་གནང་ནུག།
རྩ་ཁྲིམས་ཆེན་མོའི་འབྱུང་རབ་མདོར་བསྡུས་ཅིག་ཞུ་བ་ཅིན་ལྷན་རྒྱས་གཞུང་ཚོགས་ཁྲིམས་སྤྱི་བློན་པོ་བསོད་ནམས་སྟོབས་རྒྱས་དང་
བློ་གྲོས་ཚོགས་སྡེའི་ཁྲི་འཛིན་རྣམས་ལུ་འབྲུག་རྒྱལ་བཞི་པའི་བཀའ་ལུང་དང་འཁྲིལ་ཁྲིམས་བརྩམ་ནིའི་ཕྱག་ལཱ་འགོ་བཙུགས་གནང་ནུག།དེ་ལས་སྤྱི་ལོ་༢༠༠༡དབྱིན་ཟླ་༡༡པའི་དབྱིན་ཚེས་༣༠ལུ་མི་དབང་འབྲུག་རྒྱལ་བཞི་པ་མཆོག་གིས་རྩ་ཁྲིམས་ཆེན་མོའི་འགོ་འབྱེད་མཛད་གནང་ནུག།དབྱིན་ལོ་༢༠༠༥ལུ་འབྲུག་གཞུང་གིས་ཧོངས་ལས་ཞི་གཡོགཔ་དང་ས་གནས་གཞུང་ནང་ལས་ཕར་ཕྱག་ལཱ་མཛད་མི་ཚུ་ལུ་བཀྲམ་སྤེལ་མཛད་གནང་ཡི།དེ་བཟུམ་མའི་རྒྱལ་ཡོངས་ཀྱི་ཁྲིམས་བརྩམ་དགོ་མི་འདི་ཡང་མཆོད་པར་བརྗོད་པ་ལས་
དྲི་མེད་ལུགས་བཟང་གཏོད་མཛད་ཁྲིམས་བཟོ་དང་།།རྒྱལ་ཁམས་ཚུལ་བཞིན་སྐྱོང་བའི་འཛིན་སྐྱོང་སྡེ།།
གཡོ་བ་མེད་བདེན་པའི་རྒྱབ་སྐྱོར་དྲང་ཁྲིམས་ཏེ།།དབང་ཆ་མ་འདྲེས་སྡེ་རྣམ་གསུམ་བརྗོད།།
ཟེར་གསུངས་དོ་བཟུམ་ང་བཅས་རའི་རྒྱལ་ཁབ་འདི་ཇི་སྲིད་ནམ་ནས་ཀྱི་བར་དུ་རང་དབང་བཙན་ཐབས་དང་འདོད་དབང་ལོངས་སྤྱོད་དྲང་ཁྲིམས་འདྲ་ཉམས་དང་དྲང་བདེན་གྱི་ཐོག་ལས་མི་སེར་གཅིག་མཐུན་དང་དགའ་སྐྱིད་ཀྱི་ངང་ལུ་སྐྱོང་ཐབས་ལུ་རྩ་ཁྲིམས་ཆེན་མོ་རྩ་ཚན་༣༥བརྩམས་གནང་ནུག།
དེ་མ་ཚད་སྤྱི་ལོ་༢༠༠༡ལུ་འབྲུག་རྒྱལ་བཞི་པ་གིས་རྩ་ཁྲིམས་ཟིན་བྲིས་བཀོད་མི་ཚོགས་ཆུང་གི་འཐུས་མི་ཚུ་ལུ་གསུངས་མི་ནང་རྒྱལ་ཁབ་ནང་ག་ཅི་ལས་གལ་ཆེཝ་འདི་མི་སེར་གྱི་དགའ་སྐྱིད་དང་རང་དབང་འདི་ཨིན།དེ་གི་མ་ཚད་སྔར་ལས་ཡོད་པའི་དགའ་སྐྱིད་དང་རང་དབང་དྲགཔ་བཟོ་ནི་དཔལ་འབྱོར་གོང་འཕེལ་འགྱོ་ཚུགསཔ་བཟོ་ནི་རྒྱལ་ཁབ་ཀྱི་ཞི་བདེ་དང་སྲུང་སྐྱོབ་ཀྱི་བཙན་ཐབས་ཚུ་བརྟེན་ཏོག་ཏོ་སྦེ་བཟོ་ནི་དབང་ཚད་དང་འགན་ཁུར་ཚུ་ཕྱིར་སྤེལ་མཛད་ནིའི་དོན་ལུ་ཨིན་ཟེར་གསུངས་གནང་ཡི།དེ་འབདཝ་ལས་ང་བཅས་འབྲུག་མི་ཆེ་འབྲིང་ཆུང་གསུམ་ག་ར་འབད་རུང་མི་དབང་མཆོག་གིས་ཐུགས་དོན་བསྒྲུབ་ཐབས་ལུ་འགན་ཁག་ཧྲིལ་འབུམ་འབག་སྟེ་ཕྱག་ལཱ་མཛད་དགོཔ་གལ་ཅན་ཅིག་ཨིན་མས།
མཇུག་རང་ང་བཅས་འབྲུག་རྒྱལ་ཁབ་ཀྱི་བཀྲིན་མཚུགས་མེད་དམ་པ་དཔལ་མི་དབང་འབྲུག་རྒྱལ་བཞི་པ་མཆོག་གིས་མཛད་རྣམས་ཚུ་དུས་ཨ་རྟག་རང་སེམས་ཁར་འདྲེན་སྟེ་རྗེས་སུ་ཡིད་རངས་བསྐྱེད་ཐོག་ལས་བཀྲིན་བསམ་དགོཔ་མ་ཚད་མི་དབང་མཆོག་གིས་ཐུགས་ཀྱི་དགོངས་
པ་རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་དམིགས་ཡུལ་བསྒྲུབས་ཐབས་ལུ་བརྩོན་དགོཔ་དང་མི་དབང་མཆོག་སྐུ་ཚེ་ཆུ་ལས་རིང་མཛད་པ་འཕྲིན་ལས་དར་ཞིང་རྒྱས་ཏེ་བཞུགས་བཅུག་ཟེར་བའི་སྨོན་འདེབས་ཕུལ་དགོཔ་ཤིནྟུས་གལ་ཅན་ཅིག་ཨིན་ནོ།།
བཀྲིས་བདེ་ལེགས་ཕུན་སུམ་ཚོགས་པར་ཤོག



རྒྱབ་རྟེན་དཔེ་དེབ།
༡༽འབྲུག་གི་རྩ་ཁྲིམས་ཆེན་མོ། རྩོམ་མཁནཿ འབྲུག་གཞུང་། (༢༠༠༨)
༢༽འབྲུག་གི་ནོར་བུ། རྩོམ་མཁནཿ བླམ་སྐལ་བཟང་ཆོས་འཕེལ་དང་ རྣམ་རྒྱལ་ཕུན་ཚོགས། (༢༠༠༩)
༣༽གཞུང་འབྲེལ་དུས་ཆེན་ངལ་གསོའི་རྣམ་བཤད། རྩོམ་མཁནཿ རྫོང་ཁ་གོང་འཕེལ་ལྷན་ཚོགས། (༢༠༡༡)

འབྲི་མིཿ ཡོན་ཏན་ ཕུན་ཚོགས།
གཙུག་ལག་སྲིད་དོན་དང་སྤྱི་སྙོམས་རིག་པ།
འཛུལ་བཞུགས་ཨངཿ ༡༠༡༥༡༦
ལོ་ངོ་༣པ།